བོད་མིའི་མང་གཙོ་རྒྱུན་འཛིན་དར་སྤེལ་གཏོང་ཐབས།
གཞུང་གི་གཞི་གྲངས་ཡོངས་ཁྱབ་ཅན་ (Open Government Data) དུ་བསྒྱུར་བ་དེས་མི་རབས་རྗེས་མའི་ཆེད་དུ་བོད་མིའི་མང་གཙོ་ཇི་ལྟར་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་བམ།
མང་གཙོའི་བཅོས་སྒྱུར་དང་དཀའ་ཁག
༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྗེས་ཆེ་ཤོས་ཤིག་ནི་ཁོང་གིས་བོད་མིའི་སྤྱི་ཚོགས་འདི་བཞིན་སྔ་མོའི་སྐུ་དྲག་དང་བླ་ཆེན། ཚོ་ཁག་གི་འགོ་པ་སོགས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་ནས་བཙན་བྱོལ་གྱི་མང་གཙོའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་བ་དེ་ཡིན། ཁོང་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མང་གཙོའི་རིན་ཐང་གཏིང་ཟབ་རྒྱས་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་ནི་ཞི་ཅིན་ཕིང་གི་དབང་འོག་ནས་སྔར་ལས་ལྷག་པའི་དབང་ཆ་གཅིག་སྡུད་ཅན་དང་། མུན་ནག་ཅན། དམ་བསྒྲགས་རང་བཞིན་ཅན་དུ་འགྱུར་བཞིན་པའི་རྒྱ་ནག་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད།
ཡིན་ན་ཡང་བོད་མིའི་མང་གཙོ་འདི་ནི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ད་དུང་གཉོམ་ལག་རྒྱས་མེད་པས་ཧ་ཅང་ཞིག་སླ་བ་ཡིན། ད་ལྟའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་སོན་ཞིང་། བཙན་བྱོལ་བོད་མི་འབུམ་གཉིས་མ་ཟིན་ཙམ་ལས་མེད་པ་དེ་ཡང་འཛམ་གླིང་གི་ཤར་ནུབ་གང་སར་འཐོར་བཞིན་ཡོད། མ་ཟད་ནང་ཁུལ་ཆབ་སྲིད་ཀྱི་ཕྱོགས་རིས་དང་ཆོས་ལུགས་འཐེན་འཁྱེར་འབྱུང་བ་དང་། སྒྲིག་འཛུགས་ཀྱི་ནུས་སྟོབས་ཞན་པ་སོགས་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་ཡིན། དེར་བརྟེན་སླར་ཡང་ཆོད་སེམས་བརྟན་པོས་དུས་མཐུན་གྱི་བཅོས་སྐྱོང་མ་བྱས་ཚེ་འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་དཀའ་ལས་བརྒྱབ་ནས་མང་གཙོའི་གྲུབ་འབྲས་གང་བྱུང་དེ་དག་རིམ་གྱིས་ཡལ་ནས་བོད་དོན་དང་མང་གཙོ་གཉིས་ཀ་ཉེན་འཕྲང་གི་གནས་སུ་ལྷུང་རྒྱུའི་ཉེན་ཁ་ཆེ།
རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ལོ་ལྔ་རེའི་མཚམས་ནས་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་མང་གཙོའི་སྒལ་ཚིགས་ལྟ་བུའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བྱེད་བཞིན་ཡོད། ཡིན་ན་ཡང་། འོས་བསྡུ་ཆེན་མོ་དེའི་བརྒྱུད་རིམ་ཁྲོད་དུ་འོས་མི་ཚོའི་ལོ་རྒྱུས་དང་བྱ་གཞག་སོགས་ཀྱི་སྐོར་ལ་རྒྱུས་ལོན་ལེགས་པོ་བྱ་སའི་མཐུན་རྐྱེན་བློ་འཁེལ་འོས་པ་ཞིག་མེད་པས་འོས་འཕེན་མཁན་མང་པོས་རང་གིས་བདམས་པའི་འོས་མི་དེའི་ཆ་རྐྱེན་དང་། རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་གོ་རྟོགས་གསལ་པོ་གང་ཡང་མེད་པར་འོས་ཤོག་འཕེན་བཞིན་ཡོད་པ་མ་ཟད་འོས་མིའི་སྐོར་ལ་བློ་འཁེལ་འོས་པའི་གནས་ཚུལ་རྒྱུས་ལོན་བྱ་སའི་མཐུན་རྐྱེན་གང་ཡང་མེད་པར་བརྟེན་འོས་འཕེན་མཁན་མང་པོས་མི་གཞན་གྱིས་དྲྭ་ལམ་དུ་སྔོན་ནས་བཀྲམས་ཟིན་པའི་གྲངས་ཐོར་བལྟས་ནས་འོས་བླུག་པ་དང་འགའ་ཤས་ཀྱིས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་འོག་འོས་ཤོག་བླུག་བཞིན་པའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད།
དཀའ་ངལ་དེ་ནི་འོས་བསྡུ་ཙམ་མིན། བོད་མིའི་བཅའ་ཁྲིམས་ཀྱིས་སྲིད་སྐྱོང་ལ་ལས་ཡུན་གཉིས་ཀྱི་མཚམས་ནས་བསྐྱར་དུ་བསྟུན་མར་འོས་གཞིར་ལངས་མི་ཆོག་པའི་ཆ་རྐྱེན་བཟོས་ཡོད་ཀྱང་བོད་མི་མང་སྤྱི་འཐུས་རྣམ་པར་ལས་ཡུན་ཚད་བཀག་གང་ཡང་བཟོས་མེད། དེར་བརྟེན་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ཀྱི་ཁྲོད་དུ་ལས་ཡུན་གསུམ་པ་ནས་ལྔ་པ་བར་(བསྟུན་མར་སྤྱི་འཐུས་བྱས་ནས་ལོ་བཅོ་ལྔ་ནས་ཉི་ཤུ་རྩ་ལྔ་བར་)འགྲོ་བཞིན་པའི་སྤྱི་འཐུས་མི་ཉུང་བ་ཞིག་ཡོད་ཀྱང་དེ་དག་གི་ཕྱག་ལས་དང་། འོས་ཀྱི་གྲངས་ཐོ། ཚན་ཁག་གི་སྙན་ཐོ་སོགས་གང་ཡང་ཡོངས་ཁྱབ་ཏུ་སྟོན་རྒྱུ་མེད། དེ་བཞིན་སྲིད་སྐྱོང་གིས་འོས་བསྡུའི་སྐབསསུ་མི་མང་ལ་ཁས་ལེན་དམ་བཅའ་བཞག་པའི་ལས་འགན་དག་ཚུལ་བཞིན་ལག་བསྟར་བྱེད་ཀྱི་ཡོད་མེད་དང་ཕྱག་ལས་ཡག་པོ་གནང་གི་ཡོད་མེད་སོགས་རྟོག་ཞིབ་བྱེད་ཐབས་ཀྱི་བརྒྱུད་རིམ་གང་ཡང་མེད།
འདིར་ལྟར་མི་མང་ཚོར་རང་གིས་བདམས་པའི་འཐུས་ཚབ་ཀྱི་ལས་དོན་བྱེད་ཕྱོགས་ཐད་རྟོག་ཞིབ་བྱ་རྒྱུའི་ཆ་རྐྱེན་འདང་ངེས་ཤིག་མེད་པ་དེས་བོད་མིའི་མང་གཙོའི་གནས་བབ་དང་རྩིས་ཐང་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད།
དཀའ་ཁག་སེལ་ཐབས།: གཞུང་གི་གཞི་གྲངས་ཡོངས་ཁྱབ་ཅན་བཟོ་བ།
བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་ཡོང་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་འོས་མི་ཚོའི་འོས་ཆོས་དང་། རྒྱབ་ལྗོངས་ལོ་རྒྱུས། ཁྲིམས་འབྲེལ་ལས་དོན། འོས་ཀྱི་གྲངས་ཐོ། འོས་བསྡུའི་སྐབས་ཀྱི་ཁས་ལེན་དམ་བཅའ་སོགས་མི་མང་གིས་གསལ་པོར་ལྟ་ཀློག་ཐུབ་པའི་དྲྭ་ཚིགས་བསྐྲུན་རྒྱུ་གལ་ཆེ། མ་ཟད་མི་མང་ལའང་གོང་གསལ་གནས་ཚུལ་ཁག་རྒྱུས་ལོན་བྱེད་པར་དགོས་ངེས་བརྡ་འཕྲིན་གྱི་ཤེས་བྱ་དང་མཐུན་རྐྱེན་ཚུལ་བཞིན་མཁོ་སྤྲོད་བྱ་རྒྱུ་གལ་ཆེ།
དེ་ལྟར་བྱུང་ན་འོས་འཕེན་མཁན་ཚོར་འོས་མིའི་སྐོར་ལ་རྒྱུས་མངའ་ལེགས་པོ་ཐོབ་ཐུབ་པ་མ་ཟད་འོས་ཀྱི་ཐག་གཅོད་ཀྱང་ཡང་དག་པ་ཞིག་བྱ་རྒྱུ་ཕན་ཐོགས་ཆེན་པོ་འབྱུང་། དེ་ལྟར་ཕྱི་གསལ་ནང་གསལ་བྱུང་ན་སླད་མར་འོས་འཕེན་མཁན་ཚོས་ཕྱོགས་རིས་འཐེན་འཁྱེར་གཙོ་བོ་མི་འཛིན་པར་འོས་མིའི་འཇོན་ནུས་དང་སྤྱི་སེམས་གཙོ་བོར་བརྩི་བའི་འདུ་ཤེས་ཤིག་རྒྱུད་ལ་འཇགས་པར་བྱ་བར་ཕན་ངེས་ཡིན།
སྲ་བརྟན་མེད་པའི་མང་གཙོའི་ལམ་ལུགས་ཤིག་ལ་མཚོན་ན་མི་མང་གི་གོ་རྟོགས་ཤིན་ཏུ་གལ་ཆེན་ཡིན་ལ་གཞུང་ཕྱོགས་ཀྱི་གཞི་གྲངས་ཡོངས་ཁྱབ་ཅན་བཟོ་རྒྱུ་དེ་ནི་སྲ་བརྟན་ཡོང་ཐབས་ཀྱི་ཐབས་ལམ་ལེགས་ཤོས་དེ་ཡིན།
ཅིའི་ཕྱིར་གཞུང་གི་གཞི་གྲངས་ཡོངས་ཁྱབ་ཅན་བཟོ་རྒྱུ་གལ་ཆེའམ།
གཞུང་གི་གཞི་གྲངས་ཡོངས་ཁྱབ་ཅན་ Open Government Data (OGD) ཟེར་བ་ནི་གཞུང་འབྲེལ་གནས་ཚུལ་རྣམས་ཚད་བཀག་མེད་པར་མི་མང་བྱིངས་ཀྱིས་འཕྲུལ་ཆས་སོགས་ཀྱི་ལམ་ནས་སྟབས་བདེའི་ངང་བལྟ་ཀློག་ཐུབ་པ་དང་། བེད་སྤྱོད་ཐུབ་པ། བརྒྱུད་འགོད་ཐུབ་པ་སོགས་ཀྱི་མཐུན་རྐྱེན་བསྐྲུན་པ་དེ་ལ་གོ་བ་ཡིན།
ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་ལས་དོན་རུ་ཁག་ཅིག་གིས་གཞུང་གི་གཞི་གྲངས་ཡོངས་ཁྱབ་ཅན་བཟོ་བར་རྩ་འཛིན་དོན་ཚན་བརྒྱད་ཚང་དགོས་པ་གཏན་འབེབས་བྱས་ཡོད།
ཡོངས་ཁྱབ་ཅན་བཟོས་པའི་གནས་ཚུལ་རྣམས་མགོ་མཇུག་བར་གསུམ་ཆ་ཚང་བ་དང་། ཁུངས་དག་པ། དུས་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་ལྡན་དགོས་པ།
གནས་ཚུལ་རྣམས་སྟབས་བདེའི་ངང་ནས་ལྟ་ཀློག་ཐུབ་པ་དང་འཕྲུལ་ཆས་ཀྱི་ལམ་ནས་སྤྱོད་བདེ་པོ་དགོས་པ།
གནས་ཚུལ་རྣམས་ཡོངས་ཁྱབ་རང་བཞིན་ཅན་དང་། བདག་དབང་ཅན་མ་ཡིན་པ། བཀོལ་སྤྱོད་གཏོང་རྒྱུར་བཀག་རྒྱ་མེད་པ་སོགས་ཀྱི་ཁྱད་ཆོས་ཚང་དགོས་པ་གསལ།
བོད་མིའི་སྤྱི་ཚོགས་ལ་མཚོན་ན་དེ་ལྟ་བུའི་ཡོངས་ཁྱབ་ཅན་གྱི་གཞི་གྲངས་ལམ་ལུགས་ཤིག་བྱུང་ན་དེས་སྤྱི་པའི་སྒྲིག་འཛུགས་དང་བདམས་ཐོན་ལས་བྱེད་རྣམས་ལ་མི་མང་གིས་ཡིད་ཆེས་འཕེར་ཐུབ་པ་ཡོང་བར་རམ་འདེགས་བྱེད་ཐུབ།
བོད་མིའི་གཞི་གྲངས་ཡོངས་ཁྱབ་ཅན་ཡོང་བའི་འཆར་སྣང་།
ཡོངས་ཁྱབ་ཅན་གྱི་བོད་མིའི་གཞི་གྲངས་བཟོ་བར་གཙོ་བོ་དབྱིན་བོད་སྐད་གཉིས་ཀྱི་ནང་དུ་གཞུང་འབྲེལ་གྱི་དགོས་ངེས་གནས་ཚུལ་ཆ་ཚང་བ་འཁོད་པའི་དྲྭ་ཚིགས་ཤིག་བཟོ་དགོས། ད་ལྟའི་ཆར་གནས་ཚུལ་ཉུང་ཤས་ཤིག་ཡོད་པ་དེ་དག་ཕལ་མོ་ཆེ་བོད་ཡིག་རྐྱང་པའི་ནང་དུ་ཡོད། གཞི་གྲངས་དེ་ཡང་་བོད་མི་ཡོད་དོ་ཅོག་དང་ལྷག་པར་དུ་མི་རབས་གསར་པར་སྙོབ་ཐབས་སུ་དབྱིན་བོད་སྐད་གཉིས་ཐོག་བཟོ་དགོས་པ་གལ་འགངས་ཆེ།
དྲྭ་ཚིགས་དེར་ནང་དོན་གཙོ་བོ་འདི་དག་བཀོད་ན་ལེགས།
(དཔེ་མཚོན།)
སྤྱི་འཐུས་ཀྱི་གནས་ཚུལ།
འདས་པ་དང་ད་ལྟའི་སྤྱི་འཐུས་ཚོའི་གནས་ཚུལ་ཆ་ཚང་མིང་ངམ་ཡང་ན་ཐོབ་ཁུངས་བརྒྱུད་འཚོལ་སྟབས་བདེ་པོ་ཡོད་པ།
སྤྱི་འཐུས་སོ་སོའི་འོས་ཀྱི་གྲངས་དང་། གྲོས་གཞི་འདོན་སྤེལ་དང་ཐག་གཅོད་སྐོར་གྱི་ལས་དོན་དང་། ཚོགས་ཆུང་ནང་དུ་ལས་དོན་གཉེར་ཚད། འོས་བསྡུའི་སྐབས་ཀྱི་ཁས་ལེན་དམ་བཅའ། འབྲེལ་གཏུག་བྱ་ཡུལ། ལས་ཡུན་ག་ཚོད་སོང་མིན་སོགས་ཀྱི་གནས་ཚུལ་རྒྱས་པར་འཁོད་ཡོད་པ།
ཁྲིམས་འབྲེལ་ལས་དོན་རྟོག་ཞིབ།
མ་མཐའ་ཡང་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་སྲིད་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པའི་རྗེས་ཚུན་ཆད་ནས་གྲོས་ཚོགས་སུ་ཁྲིམས་འཆར་དང་གྲོས་གཞི་ག་ཚོད་སོང་མིན་དང་། གྲོས་ཐག་ག་ཚོད་ཆོད་མིན་གྱི་ཡིག་ཚགས་ཡོད་པ།
འགོ་བརྗོད་དང་། སྤྱི་འཐུས། གྲོས་ཚོགས་ཀྱི་སྐབས་དང་ཚེས་གྲངས་སོགས་གང་རུང་སྤྱད་དེ་གནས་ཚུལ་ཞིབ་ཚགས་འཚོལ་ཞིབ་ཐུབ་པ།
འོས་ཀྱི་གྲངས་ཐོ།
གྲོས་ཚོགས་ཚོགས་དུས་སྐབས་སོ་སོའམ་འོས་འཕེན་སའི་གནད་དོན། སྤྱི་འཐུས། ཐོབ་ཁུངས་སོགས་སྤྱད་དེ་གྲོས་ཚོགས་སུ་སྤྱི་འཐུས་ཚོས་འོས་ཕངས་པའི་གྲུབ་འབྲས་གསལ་པོ་བལྟ་ཐུབ་པ།
རེའུ་མིག་དང་རི་མོ་སོགས་ཀྱི་ལམ་ནས་གྲོས་ཚོགས་ནང་གི་འོས་བསྡུའི་འགྱུར་འགྲོས་དང་འོས་ཀྱི་ཐོབ་གྲངས་གཤིབ་བསྡུར་བྱ་སའི་མཐུན་རྐྱེན་ཡོད་པ།
(དཔེ་མཚོན)
འཛིན་སྐྱོང་ཡོངས་ཁྱབ་ཅན།
སྲིད་སྐྱོང་གིས་འོས་བསྡུའི་སྐབས་ཁས་ལེན་དམ་བཅའ་བཞག་པའི་དོན་ཚན་རྣམས་ཞིབ་ཚགས་ཡོད་པ།
དམ་བཅའ་ལག་བསྟར་བྱས་པ་དང་སྲིད་ཇུས་རྒྱུན་སྐྱོང་བྱས་པའི་ལས་དོན་ཐད་དུས་ཐོག་ཏུ་སྙན་ཐོ་སྟོན་རྒྱུ་ཡོད་པ།
སྲིད་ཇུས་གསལ་སྟོན།
བོད་མིའི་རང་དབང་སླར་གསོ་བྱ་རྒྱུ་དང་མང་གཙོ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་གཤམ་གསལ་གཞུང་འབྲེལ་གྱི་ལས་དོན་གཙོ་ཁག་དྲུག་པོའི་ཐད་སྲིད་སྐྱོང་དང་བཀའ་ཤག་གི་ངོས་ནས་ཐབས་ཇུས་གང་འདྲ་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་ཐད་གནས་ཚུལ་རྒྱས་འགྲེལ་ཡོད་པ།
བོད་རྒྱ་གྲོས་མོལ་བསྐྱར་གསོ།
འཛམ་གླིང་ཡོངས་ལ་བོད་དོན་ཁྱབ་སྤེལ།
བཙན་བྱོལ་སྤྱི་ཚོགས་ཁྲོད་མཐུན་ལམ་ཁྱབ་སྤེལ།
ཤེས་ཡོན་གོང་སྤེལ་དང་བརྡ་འཕྲུལ་ཤེས་སྤྱོད་གོང་སྤེལ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན།
དཔལ་འབྱོར་སྲ་བརྟན་དང་སྤྱི་ཚོགས་རང་མགོ་རང་ཐོན།
ཁྲིམས་ཞིབ་ཀྱི་བྱ་བ་ཡོངས་ཁྱབ་ཅན་དུ་བསྒྱུར་བ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉན་ཞིབ་བྱས་པའི་གྱོད་དོན་ཆ་ཚང་གི་ཡིག་ཚགས་སྟོན་རྒྱུ་ཡོད་པ།
ཁྲིམས་ཞིབ་ཁང་གི་ཉན་ཞིབ་དང་ཐག་གཅོད། ཁྲིམས་ཡིག་གསེད་བཀྲོལ་དང་། འབྲེལ་ཡོད་ཡིག་ཆ་ཁག་ཡོད་པ།
བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ལས་དོན་ཚགས་ཚུད་ཡོང་སླད་དུ་ཁྲིམས་ཞིབ་པ་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ཀྱི་གནས་ཚུལ་སྟོན་རྒྱུ་ཡོད་པ།
(དཔེ་མཚོན)
ཡོངས་ཁྱབ་ཅན་གྱི་བོད་མིའི་གཞི་གྲངས་བཟོ་ཐབས་ཀྱི་རིམ་པ།
ཡོངས་ཁྱབ་ཅན་གྱི་བོད་མིིའི་གཞི་གྲངས་བཟོ་བར་གཤམ་གསལ་བརྒྱུད་རིམ་རྣམས་ལག་བསྟར་བྱ་དགོས།
རིམ་པ་དང་པོ། ཉམས་ཞིབ་དང་ཡིག་འགོད།
གཞུང་འབྲེལ་གྱི་ལས་བསྡོམས་སྙན་ཐོ་དང་། གྲོས་གཞི་གྲོས་ཆོད། འོས་བསྡུའི་སྐབས་ཀྱི་དམ་བཅའ། འོས་བསྡུའི་གཞི་གྲངས་སོགས་ཕྱོགས་བསྒྲིགས་བྱ་རྒྱུ།
གཞི་གྲངས་སྤུས་ཀ་གང་ལེགས་དང་ཁུངས་དག་ར་སྤྲོད་ཐུབ་རྒྱུའི་བརྒྱུད་རིམ་བསྐྲུན་རྒྱུ།
རིམ་པ་གཉིས་པ། ཡིག་སྒྱུར་དང་སྟབས་བསྟུན།
གཞི་གྲངས་སུ་བཀོད་རྒྱུའི་གནས་ཚུལ་ཆ་ཚང་དབྱིན་བོད་གཉིས་ཀར་ཕབ་རྒྱུ།
སྐད་ཡིག་དང་རིག་གཞུང་མི་འདྲ་བའི་མི་ལ་འཕྲོད་པའི་བཟོ་བཀོད་ཀྱང་བསྒྲིག་རྒྱུ།
རིམ་པ་གསུམ་པ། གཞི་གྲངས་བཀོད་ལེགས།
ཡིག་ཆ་ཐམས་ཅད་གློག་རྡུལ་གཞི་གྲངས་ཅན་དུ་བསྒྱུར་ནས་དེ་དག་ལ་འཚོལ་མིང་ལེགས་པོ་འདོགས་རྒྱུ།
ཡོངས་ཁྱབ་འགྲེམ་སྤེལ་མ་བྱས་གོང་ངེས་པར་དུ་སྤུས་ཚད་ལེགས་པར་འཇལ་རྒྱུ།
རིམ་པ་བཞི་བ། དྲྭ་ཚིགས་བཟོ་བསྐྲུན།
དྲྭ་རྒྱའི་བདེ་འཇགས་ལྡན་ལ་སྤྱོད་བདེ་བའི་དེང་རབས་རང་བཞིན་ཅན་གྱི་དྲྭ་ཚིགས་ཤིག་བསྐྲུན་རྒྱུ།
སྐད་ཡིག་གི་གདམ་ག་ཡོད་ཅིང་ཁ་པར་ནང་དུའང་སྤྱོད་བདེ་བ་བཟོ་རྒྱུ།
རིམ་པ་ལྔ་པ། འགྲེམ་སྤེལ་དང་ཁྱབ་རྒྱ་བསྐྱེད་པ།
དྲྭ་ཚིགས་དེ་ཉིད་འགྲེམ་སྤེལ་ཟིན་རྗེས་སྤྱི་ཚོགས་དྲྭ་རྒྱ་སོགས་ནས་ཁྱབ་སྤེལ་བྱ་རྒྱུ།
བོད་མི་འདུས་སྡོད་ཆེ་སར་དེ་འབྲེལ་གྱི་ཁྱབ་བསྒྲགས་བྱེད་སྒོ་སྤེལ་རྒྱུ།
སྤྱོད་མཁན་ལ་ལམ་སྟོན་རྒྱུ་ཆ་མཁོ་སྤྲོད་བྱ་རྒྱུ།
རིམ་པ་དྲུག་པ། རྒྱུན་སྐྱོང་གོང་སྤེལ།
གཞི་གྲངས་ལ་དུས་ལྟར་གནས་ཚུལ་ཁ་སྣོན་དང་དྲྭ་རྒྱའི་བདེ་འཇགས་ཐད་དུས་ལྟར་དོ་ནན་བྱ་རྒྱུ།
དྲྭ་ཚིགས་ཀློག་མཁན་ཚོའི་ལྟ་ཚུལ་དང་བསམ་ཚུལ་ལ་བསྟུན་ནས་དགོས་ངེས་ཀྱི་ལེགས་བཅོས་བྱ་རྒྱུ།
བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ནང་དོན་ཁ་སྣོན་བྱ་རྒྱུ།
རང་དབང་ལྡན་པའི་འཛིན་སྐྱོང་།
ཡོངས་ཁྱབ་ཅན་གྱི་བོད་མིའི་གཞི་གྲངས་འདི་ཉིད་ལ་མི་ཀུན་གྱི་ཡིད་ཆེས་བློ་འཁེལ་ཡོང་བ་དང་ལས་གཞི་ཚགས་ཚུད་པོ་ཡོང་སླད་དུ་འདི་ཉིད་ཆབ་སྲིད་ཕྱོགས་ཁག་གང་ལའང་མི་གཏོགས་པའི་བོད་མིའི་སྤྱི་དམངས་ཚོགས་པའམ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བཟོ་བསྐྲུན་དང་འཛིན་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་བྱུང་ན་མི་ཚང་མས་དེར་བཀོད་པའི་གནས་ཚུལ་རྣམས་དྲང་པོ་དང་། ཁུངས་དག་ཡིན་པར་ངོས་འཛིན་ཐུབ་ངེས་རེད་ལ་དྲྭ་ཚིགས་འཛིན་སྐྱོང་ཐད་ཆབ་སྲིད་ཕྱོགས་ཁག་གང་གི་དབང་དུ་མ་སོང་བར་དེ་ལྟ་བུའི་རང་དབང་ལྡན་པའི་ལམ་ནས་འཛིན་སྐྱོང་ཐུབ་ཚེ་ལྟ་བ་ལངས་ཕྱོགས་མི་གཅིག་པའི་བོད་མི་ཚང་མས་དེར་ཡིད་ཆེས་བློ་འཁེལ་ཐུབ་པ་ཡོང་ཐུབ།
བོད་མིའི་གཞི་གྲངས་ལས་གཞི་ཚགས་ཚུད་ཡོང་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ནི་ལས་གཞི་དེའི་ཆེད་དུ་གསང་རྒྱ་མི་དགོས་པའི་ཡིག་ཚགས་དང་རྒྱུ་ཆ་ཡོངས་རྫོགས་དུས་ལྟར་མཁོ་སྤྲོད་བྱ་རྒྱུ་དེ་ཡིན།
མཇུག་བསྡོམས།
བཙན་བྱོལ་བོད་མིའི་མང་གཙོའི་ཕུགས་མདུན་ནི་མང་གཙོའི་སྒྲིག་འཛུགས་བརྟན་པོ་ཞིག་འཛུགས་ཐུབ་མིན་གཅིག་པོ་མ་ཡིན་པར་མི་མང་གིས་མཉམ་ཞུགས་ཅི་ཙམ་བྱེད་མིན་ལའང་ཆེས་ཆེར་རག་ལས་ཡོད། འདི་ལྟ་བུའི་ཡོངས་ཁྱབ་ཅན་གྱི་བོད་མིའི་གཞི་གྲངས་བསྐྲུན་རྒྱུ་དེ་ནི་རྒྱུས་སྤྲོས་ཀྱི་ལོངས་སྤྱོད་ཅིག་ཏུ་བལྟ་མི་རུང་བར་དེ་ཉིད་ནི་བོད་མིའི་མང་གཙོ་ཡུན་གནས་གོང་འཕེལ་ཡོང་ཐབས་སུ་དགོས་ངེས་ཅན་གྱི་མཐུན་རྐྱེན་ཞིག་ཡིན་པ་ཤེས་དགོས། གཞུང་འབྲེལ་གྱི་གཞི་གྲངས་ཡོངས་ཁྱབ་ཅན་དུ་བསྒྱུར་བ་ཡིན་ན་དེས་བཙན་བྱོལ་བོད་མིའི་མང་གཙོ་འདི་བཞིན་ཕྱི་གསལ་ནང་གསལ་དང་། འགན་ཁུར་ལྡན་པ། སྣ་མང་མཉམ་འདུས་ཅན་ཅན་ཞིག་ཏུ་འགྱུར་བར་ཕན་ཐོགས་ཆེན་པོ་ཡོད་ཅིང་དེས་བསླུ་བྲིད་ཀྱི་དྲིལ་བསྒྲགས་དང་དབང་ཆ་གཅིག་སྡུད་དར་བཞིན་པའི་དེང་གི་འཛམ་གླིང་ལ་དོན་དམ་པའི་དྲང་བདེན་སྐྱོང་ལུགས་ཀྱི་དཔེ་བཟང་ཞིག་ཀྱང་ཏན་ཏན་སྟོན་ཐུབ་པར་ངེས།
སྔ་མོ་བོད་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པ་དེ་ནས་རང་དབང་མང་གཙོའི་ཕྱོགས་སུ་བསྒྱུར་བ་ནི་༧གོང་ས་མཆོག་གིས་བོད་མི་ཚོར་བསྩལ་བའི་གསོལ་རས་རྩ་ཆེན་ཞིག་ཡིན་ལ་ད་ནི་མང་གཙོའི་གསོལ་རས་འདི་རྒྱུན་སྐྱོང་དར་སྤེལ་བཏང་ནས་མི་རབས་རྗེས་མར་རྩིས་སྤྲོད་ལེགས་པོར་བྱ་རྒྱུ་ནི་བོད་མི་ཚོའི་དོར་དུ་མི་རུང་བའི་འགན་འཁྲི་ཉག་ཅིག་ཡིན། འགན་འཁྲི་དེ་འགྲུབ་པར་ཡོངས་ཁྱབ་ཅན་གྱི་གཞི་གྲངས་ལམ་ལུགས་ཤིག་བསྐྲུན་ནས་བོད་མིའི་མང་གཙོ་འདི་བཞིན་ཕྱི་གསལ་ནང་གསལ་དང་འགན་ཁུར་ལྡན་པ་ཞིག་ཏུ་འགྱུར་བར་བྱ་དགོས།
ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་གསུམ་པ་ཟིན་པར་ཟླ་བ་ཁ་ཤས་ལས་མེད་ཀྱང་ད་དུང་ཕྱི་དྲགས་མེད། བོད་མིའི་མང་གཙོ་དར་སྤེལ་ཆེད་ཤིན་ཏུ་དགོས་གལ་ཆེ་བའི་ཡོངས་ཁྱབ་ཅན་གྱི་བོད་མིའི་གཞི་གྲངས་ལམ་ལུགས་འདི་འདྲ་ཞིག་བསྐྲུན་རྒྱུའི་ལས་གཞི་འདི་ལག་བསྟར་ཐུབ་མཁན་སུ་ཞིག་ཡོད་དམ། ལས་གཞི་འདི་འདྲ་ཞིག་སྤེལ་རྒྱུའི་མ་རྩའི་ཆེད་མི་མང་གིས་ཞལ་འདེབས་བསྡུ་རུབ་ཐུབ་ཚེ་དགོས་ངེས་ཀྱི་རྒྱུ་ཆ་མཁོ་འདོན་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་གདོན་མི་ཟ།





